-->

Aug 12, 2014

མཉམ་མེད་ཇོ་བོ་ཆེན་པོ་རྒྱ་གར་ལ་ཕེབས་ཁར་ལྷ་བླ་མ་བྱང་ཆུབ་འོད་ལ་ཞལ་གདམས་སུ་སྩལ་བ་ཐར་འདོད་དཔའ་བོའི་སྙིང་ནོར་ཞེས་བྱ་བ་བཞུགས་སོ།།



མཉམ་མེད་ཇོ་བོ་རྗེས་མཛད།
           


ན་མོ་གུ་རུ་བེ།

ཇོ་བོ་རྗེ་ཉིད་དང་བོ་མངའ་རིས་སུ་བྱོན་པའི་དུས་ན་མངའ་རིས་སུ་ལོ་གཉིས་བཞུགས་ནས།ལྷ་བྱང་ཆུབ་འོད་ཀྱིས་དབུ་མཛད་པ་རྣམས་ལ་གདམས་པ་མང་བོ་གནང་ནས་རྒྱ་གར་དུ་གཤེགས་པར་དགོངས་ནས་ལམ་དུ་བཞུད་ཁར། ལྷ་བྱང་ཆུབ་འོད་ཀྱིས་ད་དུང་ཞལ་གདམས་ཞིག་ཞུ་བྱས་པས།ཇོ་བོའི་ཞལ་ནས་སྔར་གྱི་དེས་ཆོག་ལགས་གསུངས་པ་ལ། ལྷས་ནན་སྐྱེད་པས་གདམས་པ་འདི་གནང་བའོ།།
ཨེ་མའོ།།མཁྱེན་པ་མཐོ་ཞིང་ཐུགས་དགོངས་ཤིན་ཏུ་གསལ་བའི་གྲོགས་དག་ལ།
རང་འཁོས་མེད་པའི་བློ་དམན་བདག་གིས་མཆིད་གྲོས་གསོལ་པ་མི་རིགས་ཀྱང་།།
སྙིང་ནས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ཀྱིས་བདག་ལ་བསྐུལ་བས་ན།།
བྱིས་པ་བློ་ཆུང་བདག་གིས་ གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ།།
གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན།།        
གནས་ལུགས་མ་རྟོགས་པར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན།།
ཆོས་ནི་ཤེས་པ་ཙམ་གྱིས་འཚང་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས།།
སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད།།
བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན།།
ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་བསྟེན་དེ་སེམས་ཟུངས།།
ནམ་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་སྡོད །།
ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས།།
མན་ངག་ཡོད་པས་བསྒོམ་པ་མིན་ན་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས།།
གུས་པ་ཆེན་པོས་བསྒྲུབས་ན་རིང་བོར་མི་ཐོགས་འབྲས་བུ་འཕྲལ་དུ་འབྱུང་།།
སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག །
གྲོགས་དག་འདོད་པ་རྣམས་ལ་ཚྭ་ཆུ་འཐུངས་བཞིན་ངོམས་པ་མེད་པས་ཆོག་ཤེས མཛོད།།
དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས། །
བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། །
རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ། །
བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར། །        
ད་ལྟའི་བདེ་སྐྱིད་གཉེར་གསུམ་འཛོམས་ཀྱང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། །
འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱེར་ནོར་རྣམས་གཏེར་དུ་སྤོས། །
ཐམས་ཅད་བོར་ནས་འགྲོ་བས་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་གྱི།།
དམན་པ་རྣམས་ལ་རྙིང་རྗེ་བསྐྱེད་ལ་ཁྱད་དུ་གསོད་དང་བརྙས་པ་སྤོངས། །
དགྲ་ཟིན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཕྱོགས་རིས་མེད་པར་མཛོད། །
ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང་། །
གཞན་སྐྱོན་མི་བརྟག་རང་སྐྱོན་བརྟགས་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུངས།
རང་དགེ་མི་བསམས་གཞན་དགེ་བསམས་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད། །
རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་པོར་སྨོས།
འབྲེལ་མེད་སྨྲ་བ་མང་ན་འཁྲུལ་བ་འབྱུང་བས་ཚོད་བཟུང་རན་པར་སྨོས། །
དོན་མེད་བྱ་བ་མང་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག །
སྙིང་བོ་མེད་པའི་ལས་ལ་རྩོལ་བ་མ་ཆེ་ངལ་བ་དོན་མེད་ཡིན། །
གང་ཡང་འདོད་ཁར་མི་མཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ། །
ཀྭ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གཡོ་མེད་དྲང་བོར་སྲོང་། །
ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལས་བྱུང་བས་གཞན་ལ་གྱོན་མི་གདའ། །
བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་བཟོ་བར་མཛོད། །
རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ།།
མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པ་མཛོད། །
བསགས་པའི་ནོར་རྣམས་བཞག་ནས་འགྲོ་བར་ངེས་པས་ནོར་ཕྱིར་སྡིག་མ་གསོག །
ལོངས་སྤྱོད་གཡར་བོ་འདི་ལ་སྙིང་བོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱད་པ་ཐོང་། །  
ཚེ་འདིར་མཛེས་ཤིང་ཕྱི་མར་བདེ་བས་རྟག་ཏུ་ཚུལ་ཁྲིམས་རྣམ་དག་སྲུངས། །
སྙིགས་མའི་དུས་ན་ཞེ་སྡང་བདོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན།
ལེ་ལོའི་དབང་གིས་ད་དུང་ལུས་པས་སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྦོར། །
ཡེངས་མ་ལམ་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན། །
ལོག་ལྟའི་དབང་གིས་གནས་ལུགས་དོན་མི་རྟོགས་པས་ཡང་དག་དོན་ལ་གཞིགས། །
གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་བའི་སྐམ་སར་གཤེགས། །
བླ་མའི་གདམས་ངག་ཚུལ་བཞིན་བསྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐེམས། །
རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱི་གྲོས་ལ་གསན་པར་རིགས། །
དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཀྱང་སྐྱིད་པར་མཆིས།
རྨོངས་པ་བདག་གི་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིས་ཀྱང་གསན་པར་ཞུ། །        
                 

ཞེས་ཇོ་བོ་རྗེ་ལྷ་གཅིག་གིས་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པའོ།།
བཀྲ་ཤིས། །


No comments:

Post a Comment